ད་ཡང་ལོ་རེར་ཐེངས་རེར་འཚོགས་ངེས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་དེ་འཚོགས་བཞིན་པའི་སྒང་ཡིན། གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ན་ཚོགས་འདུའི་སྐོར་གྱི་ཁྱབ་བསྒྲགས་དང་བརྒྱུད་བསྒྲགས་ཧ་ལས་པ་བྱེད་ཀྱིན་ཡོད་ནའང་། རྒྱ་ཆེའི་མང་ཚོགས་ཀྱིས་ཚོགས་ཆེན་ལ་དོ་སྣང་དང་རེ་ལྟོས་ཆེར་བྱེད་ཀྱིན་མེད། དེ་ནི་ཚོགས་ཆེན་གྱི་འཐུས་མི་དང་མང་ཚོགས་ཀྱི་བར་ན་ཐུན་མོང་གི་མོས་མཐུན་མེད་པའི་མཚོན་རྟགས་ཤིག་རེད། དེས་ན་ད་རེས་ང་ཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་འཐུས་མིའི་བྱེད་ནུས་སོགས་ཀྱི་སྐོར་ངོ་སྤྲོད་དང་རྒྱུས་ལོན་ཅིག་བྱེད།

དེ་ནི་ཇི་འདྲ་ཞིག་རེད་དམ་ཞེ་ན། རྩ་ཁྲིམས་ཀྱི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་ཞིང་། མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་བཀོལ་སྤྱོད་བྱེད་པ་ཡིན་ཞེས་བཀོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཡོངས་ནས་འདེམས་ཐོན་བྱུང་བའི་འཐུས་མི་སུམ་སྟོང་མ་ཟིན་པ་ཙམ་གྱིས་གྲུབ་པའི་ཆབ་སྲིད་ཀྱི་ཕུང་པོ་ཞིག་ཡིན་པ་དང་། རྒྱལ་ཡོངས་

དམངས་ཆེན་གྱི་འཐུས་མི་ནི་ཐད་འདེམས་དང་བརྒྱུད་འདེམས་ཀྱི་སྒོ་ནས་འདེམས་ཐོན་བྱུང་གི་་ཡོད་པ་དང་། དེ་ལས་མང་ཆེ་ཤོས་ནི་ཐད་འདེམས་ཀྱིས་འདེམས་ཐོན་བྱུང་གི་ཡོད་པས་དེས་རྒྱ་ཆེའི་མང་ཚོགས་ཀྱི་ངོ་ཚབ་དང་ཁེ་ཕན་མཚོན་གྱི་མེད་པར་་སྲིད་འཛིན་ཚོགས་པ་དང་གཞུང་གི་ཁེ་ཕན་མཚོན་གྱི་ཡོད། སྐབས་རེའི་འཐུས་མིའི་ལས་ཡུན་ནི་ལོ་ལྔ་ཡིན་པ་དང་ལས་ཡུན་རྫོགས་པའི་རྗེས་སུ་ཡང་བསྐྱར་འདེམས་ཐོན་བྱུང་ན་ལས་གནས་མུ་མཐུད་དུ་ཁུར་ཆོག རྒྱལ་ཡོངས་ཀྱི་མི་གྲངས་ལ་རྩིས་གཞི་བྱས་པའི་སྡོམ་རྩིས་ལྟར་ན། འཐུས་མི་རེ་རེས་མི་གྲངས་འབུམ་བཞི་དང་ཁྲི་གསུམ་གྱི་ངོ་ཚབ་བྱེད་ཀྱིན་ཡོད་སྐད།

རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཁྲིམས་འཛིན་དང་ལྟ་ཞིབ་ལས་ཁུངས་ཚང་མ་མི་དམངས་འཐུས་མིའི་ཚོགས་ཆེན་ལས་འདེམས་ཐོན་བྱུང་ཞིང་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ལས་ཁུངས་དེ་དག་ལ་ལྟ་རྟོག་དང་སྐུལ་འདེད་བྱེད་བཞིན་ཡོད། རྒྱལ་ཡོངས་ཀྱི་འཐུས་མི་ཚང་མ་ནམ་རྒྱུན་ལྷན་དུ་འཛོམས་ཏེ་ཚོགས་འདུ་ཚོགས་ནས་གྲོས་བསྡུར་དང་གྲོས་ཆོད་འཇོག་པ་ནི་ཡོང་དཀའ་བའི་དབང་གིས་ལོ་རེར་ཐེངས་གཅིག་མ་གཏོགས་འཚོགས་ཐུབ་ཀྱི་མེད།   དེའི་རྒྱུ་མཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ནས་རྒྱལ་དོན་ཤིན་ཏུ་གལ་ཆེན་ཁག་གྲོས་བསྡུར་དང་ཐག་གཅོད་བྱེད་པ་དང་། རྒྱུན་ལྡན་གྱི་དོན་ཆུང་ཕྲན་ཚེགས་རྣམས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གིས་ཐག་གཅོད་བྱེད་ཀྱིན་ཡོད། རྒྱུན་ལས་ལྷན་ཁང་ལ་ཚོགས་མི་༡༧༠་ལྷག་ཡོད་པ་དེ་ཚོ་ནམ་རྒྱུན་ཟླ་བ་གཉིས་རེའི་ནང་དུ་ཚོགས་འདུ་ཐེངས་རེར་འཚོགས་ཏེ་ཁྲིམས་བཅའ་བ་དང་འཕར་བཅོས་ལ་སོགས་པའི་ལས་དོན་བྱེད།  རྩ་ཁྲིམས་ཀྱིས་གཏན་དབབ་ལས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་འགན་དང་དབང་ཆ་གཙོ་བོ་ཁག་ནི།

  • རྩ་ཁྲིམས་དང་རྨང་གཞི་ཁྲིམས་ལུགས་ལ་འཕར་བཅོས་བྱེད་པ།
  • རྒྱལ་ཁབ་ཀྱི་གཙོ་འཛིན་དང་ཆེས་མཐོ་ཁྲིམས་ཁང་གི་འགན་འཛིན་ལ་སོགས་པའི་གནད་ཡོད་ཀྱི་མགོ་ཁྲིད་འདེམས་པ་དང་བསྐོ་འཇོག་དང་གནས་དབྱུངས་བྱེད་པ།
  • རྒྱལ་ཁབ་ཀྱི་དཔལ་འབྱོར་འཆར་འགོད་དང་སྔོན་རྩིས་དང་འགྲོ་གྲོན་རྩིས་འཆར་སོགས་ལ་ཞིབ་དཔྱད་དང་ཆོག་མཆན་འགོད་པ།
  • ཞིང་ཆེན་དང་རང་སྐྱོང་ཁུལ་གསར་འཛུགས་ལ་ཆོག་མཆན་འགོད་པ།
  • དམག་འཐབ་དང་ཞི་བདེའི་གནད་དོན་ཐག་གཅོད་པ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་འགན་དབང་གཙོ་བོ་ནི།

  • རྩ་ཁྲིམས་གསེད་བཀྲོལ་དང་ལག་བསྟར་ལ་ལྟ་རྟོག་བྱེད་པ།
  • རྨང་གཞིའི་ཁྲིམས་ལུགས་མ་ཡིན་པའི་ཁྲིམས་ལུགས་བཟོ་བའམ་འཕར་བཅོས་དང་གསེད་བཀྲོལ་བྱེད་པ།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་ཁྲིམས་དང་རྒྱབ་འགལ་གྱི་སྲིད་འཛིན་ཁྲིམས་སྲོལ་དང་ཐག་བཅད་བཀའ་རྒྱ་སོགས་བཟློག་འཐེན་བྱེད་པ། རྩ་ཁྲིམས་དང་ཁྲིམས་ལུགས་དང་མི་མཐུན་པའི་ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་ས་གནས་ཁྲིམས་སྲོལ་བཟློག་འཐེན་བྱེད་པ།
  • ཆེས་མཐོ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགན་འཛིན་ཕལ་བ། ཁྲིམས་བཤེར་དཔོན། ཞིབ་དཔྱོད་དཔོན་བསྐོ་དབྱུངས་བྱེད་པ།
  • ཕྱི་རྒྱལ་ལ་མངགས་པའི་གཞུང་ཚབ་བསྐོ་དབྱུངས་བྱེད་པ།
  • ཆིངས་ཡིག་འཇོག་བཟློག་གི་ཐག་གཅོད་པ།
  • ཉེས་ཆད་ཆག་ཡང་གི་བཀའ་འཁྲོལ་གཏོང་བ་ལ་སོགས་པ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མངའ་འོག་ཏུ་ཆེད་གཉེར་ལྷན་ཁང་བཅུ་ཡོད། དེ་དག་ནི།

  • མི་རིགས་ཨུ་ཡོན་ལྷན་ཁང་།
  • རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་།
  • ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་།
  • སློབ་གསོ་དང་ཚན་རིག་དང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་།
  • ཕྱི་དོན་ཨུ་ཡོན་ལྷན་ཁང་།  
  • ཕྱི་སྡོད་རྒྱ་རིགས་ཨུ་ཡོན་ལྷན་ཁང་།
  • ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་།
  • ཁོར་ཡུག་དང་ནུས་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་།
  • ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་།
  • སྤྱི་ཚོགས་འཛུགས་བསྐྲུན་ཨུ་ཡོན་ལྷན་ཁང་བཅས་ཡིན།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཐོབ་ཐང་ནི།

  • འཐུས་མི་མཉམ་འབྲེལ་གྱིས་གྲོས་གཞི་འདོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁང་སོ་སོ། ཆེས་མཐོ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་ལ་དོགས་འདྲི་དང་བཙན་འདྲིའི་ཐོབ་ཐང་ཡོད་པ།
  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་འདུའི་སྟེང་དུ་སྐད་ཆ་བཤད་པ་དང་གྲོས་ཆོད་བཞག་པ་ལ་འགན་ཁུར་མི་དགོས་པ།
  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཙོ་མཛད་ཚོགས་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་མ་ཐོབ་པར་རྒྱལ་ཡོངས་མི་དམངས་འཐུས་མི་འཛིན་བཟུང་དང་ཉེས་དོན་ཁྲིམས་བཤེར་བྱས་མི་ཆོག

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་ནང་གི་བོད་རིགས་འཐུས་མི།

  • པདྨ་འཕྲིན་ལས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱུན་ལས་ཨུ་ཡོན།
  • འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཨུ་ཡོན་གཞོན་པ། རྒྱུན་ལས་ཨུ་ཡོན།
  • བློ་བཟང་རྒྱལ་མཚན། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཨུ་ཡོན་གཞོན་པ། རྒྱུན་ལས་ཨུ་ཡོན།
  • དོན་གྲུབ་དབང་འབུམ། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཨུ་ཡོན་གཞོན་པ།
  • བོད་རང་སྐྱོང་ལྗོངས། བཀྲ་ཤིས་རྒྱལ་མཚན། ཆེ་དགྲ་ལྷ། ཚེ་རིང་ཚེ་བརྟན། མིག་དམར་སྒོ་སྐྱིད། སྒྲོལ་དཀར། དབང་འདུས། སྒོ་གོག ཚེ་རིང་གཡང་འཛོམས། བློ་བཟང་རྒྱལ་མཚན། སྐལ་བཟང་སྒྲོལ་དཀར། སྐལ་བཟང་བདེ་སྐྱིད། ཕུན་ཚོགས། ཕུར་བུ་དོན་གྲུབ།
  • མཚོ་སྔོན་ཞིང་ཆེན། བཀྲ་ཤིས་རྡོ་རྗེ། ཁུང་ཆུན་ཅུ། 孔庆菊  པེ་རྒྱལ་བཀྲ་ཤིས། ཤ་བོ་སྒྲོལ་མ།
  • ཟི་ཁྲོན་སོགས་ཞིང་ཆེན་གཞན། རིན་ཆེན་དོན་གྲུབ། (ཀན་སུའུ) རྟ་མགྲིན་འཚོ། (ཀན་སུའུ) ཝང་ཧྲུའུ་ཧྥུན།王树芬 (ཡུན་ནན) ཆུ་ཅུན་ཞུན།齐建新 (ཡུན་ནན)  མཱ་དཔའ།马华(ཟི་ཁྲོན) རྒྱ་སྟེན་བློ་བཟང་བྱམས་པ། (ཟི་ཁྲོན) ཡཱང་ཁུ་ཉུན། 杨克宁 (ཟི་ཁྲོན) ཞོའོ་ཡུག་ཚེ། 肖友才 (ཟི་ཁྲོན)
  • ཨ་ལད། 阿来 (ཟི་ཁྲོན) བྱང་ཆུབ། (ཟི་ཁྲོན) ཞིང་རྒྱ་བསྟན་འཛིན། (ཟི་ཁྲོན) བྱང་ཆུབ་དགེ་བཤེས།(དམག་སྡེ) བྱམས་པ་མཁས་གྲུབ།(དམག་སྡེ) བསོད་ནམས་བཀྲ་ཤིས། (དམག་སྡེ)

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཉེས་དམིགས།

  • རྒྱལ་ཁབ་ཅིག་གི་མིང་དོན་མཚུངས་པའི་གྲོས་ཚོགས་ཤིག་ཡིན་ན་དེས་མང་ཚོགས་ཀྱི་ངོ་ཚབ་བྱེད་དགོས་ཀྱི་ཡོད་སྟབས། ངེས་པར་དུ་་མང་ཚོགས་ཀྱིས་ཐད་ཀར་འདེམས་པ་ལས་བྱུང་བ་ཞིག་ཡིན་དགོས་པ་ལས་བརྒྱུད་འདེམས་དང་བསྐོ་འཇོག་ལམ་ནས་འཐུས་མི་བསྐོས་པ་ཡིན་ན་དམངས་གཙོ་དང་མི་མཐུན་པས་འདེམས་བསྐོ་ཟེར་བ་དེ་མིང་ཙམ་དུ་ཟད། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཕལ་ཆེ་བ་བརྒྱུད་འདེམས་དང་བསྐོ་འཇོག་གི་ལམ་ནས་བྱུང་དང་འབྱུང་བཞིན་པ་དེ་ནི་གཞུང་གི་ཐག་གཅོད་ལས་བྱུང་བ་ཞིག་ལས་མང་ཚོགས་དང་འབྲེལ་བ་མེད་པ་དེ་མི་འགྲིག དེ་ནས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ས་ངོ་དང་མི་ངོ་ཆ་འགྲིག་པར་ཚབ་མཚོན་བྱེད་དགོས་པ་ལས་མི་གྲངས་ཁོ་ན་ལ་ལྟོས་ནས་འཐུས་མི་བདམས་ནའང་མི་འགྲིག  མཚོ་སྔོན་ཞིང་ཆེན་ལ་མཚོན་ན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་༢༠་ཡོད། དེའི་ནང་དུ་བོད་རིགས་ཡིན་པའི་འཐུས་མི་བཞི་མ་གཏོགས་མེད། མཚོ་སྔོན་ལ་ཧེ་རིགས་རང་སྐྱོང་ཁུལ་གཅིག་ཀྱང་མེད་ནའང་ཧེ་རིགས་ཀྱི་འཐུས་མི་གཉིས་ཡོད།  དེར་བརྟེན། དེ་ལྟརའདམས་པ་དེས་་མཚོ་སྔོན་གྱི་བོད་རིགས་འཐུས་མི་དེ་ཚོ་བོད་རིགས་རང་སྐྱོང་ཁུལ་དྲུག་གི་ངོ་ཚབ་དང་ཁེ་ཕན་མཚོན་པའི་རྣམ་པ་མེད་པ་ཞིག་བསྟན་ཡོད།
མི་དམངས་འཐུས་མི།
  • མི་དམངས་འཐུས་མི་ཚོགས་ཆེན་ནི་མི་རིགས་སོ་སོའི་རྒྱན་གོས་ཀྱི་ཤོམ་སྟོན་ས་དང་གདོང་རིས་ཙམ་སྟོན་སའི་སྟེགས་བུ་ཞིག་མིན་པར་དེ་ནི་དབུས་དང་ས་གནས། སྲིད་གཞུང་དང་མང་ཚོགས་བར་བཅས་ཀྱི་གནད་དོན་རྩོད་པ་རྒྱག་ས་དང་ཐོབ་ཐང་རྩོད་ས། བདེ་སྡུག་གླེང་ས་དང་ཐག་གཅོད་བྱེད་ས་ཞིག་བཅས་ཡིན་དགོས་པ་མ་ཟད། རང་རང་ས་ཁུལ་གྱི་དཀའ་ངལ་དང་མང་ཚོགས་ཀྱི་མངོན་འདོད་རྒྱལ་ཡོངས་མི་དམངས་ཀྱི་སྔུན་ནས་བཤད་ས་གཏམ་ས་ཞིག་ཡིན་དགོས། འོན་ཀྱང་། ད་བར་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྣམ་པ་ནི་གོས་བཟང་དང་རྒྱན་བཟང་སྟོན་ས། གཏམ་བཟང་བཤད་ས་དང་ངོ་བཟང་སྟོན་ས་ཞིག་ཏུ་གྱུར་ཡོད་པ་ལས། ་མི་མང་གི་ངོ་ཚབ་བྱས་ཏེ་བདེ་སྡུག་བཤད་གླེང་དང་རྩོད་པརྒྱག་མཁན་མེད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གལ་གནད་ཆེ་ཆུང་ཚང་མ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྟེང་ནས་བཟོ་བ་དང་ཐག་གཅོད་བཞིན་ཡོད་ནའང་། ཚོགས་འདུའི་སྐབས་སུ་ཁྲིམས་འཆར་ལ་འཐད་པ་ཡོད་མེད་ཀྱི་་སྐད་ཆ་དང་གྲོས་བསྡུར་གང་ཡང་མི་བྱེད་པར་ཕྱི་ཚུལ་ལ་གཡེང་ཞིང་གྲོས་ཆོད་ཡོད་དོ་ཅོག་ལ་ལེགས་གསོལ་བརྗོད་དེ། རང་གི་ཚབ་བྱས་པའི་མི་སྡེ་ས་སྡེ་ཡི་ཁེ་ཕན་ལ་གནོད་པའི་ཁྲིམས་ལུགས་ཤིག་ཚོགས་ཐོག་ནས་གྲོས་ཆོད་བྱུང་རུང་ད་རུང་མར་མེ་རླུང་གིས་ཁུར་ན་འཛུམ་དམུལ་དམུལ་གྱིས་འདུག་གིན་ཡོད། མི་དམངས་ཀྱི་འཐུས་མི་ཞིག་ཡིན་ན་རང་གི་ཡུལ་མིའི་ཐོབ་ཐང་ལ་མེལ་ཚེ་བྱེད་མཁན་ཞིག་དང་འགན་ཁུར་མཁན་ཞིག་ཡིན་དགོས་པ་ལས་མི་དམངས་ཀྱི་ཁེ་ཕན་ལ་ཡེ་ནས་དོ་སྣང་མི་བྱེད་པའི་གསོ་ཕག་ཅིག་ཡིན་མི་རུང་།
  • རྒྱལ་ཁབ་ཀྱི་དབང་འཛིན་གྲུབ་སྟངས་ཀྱི་གཞུང་ལུགས་ཐད་ནས་བཤད་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་གི་ངོ་བོ་ནི་རྒྱལ་ཁབ་ཀྱི་ཁྲིམས་བཟོ་ལས་ཁང་ ཆགས་ཡོད་པའི་ངོས་དེ་ན་ནུབ་ཕྱོགས་ཀྱི་གྲོས་ཚོགས་དང་འདྲ་ས་མང་། འོན་ཀྱང་། དོན་དངོས་ཀྱི་སྟེང་ནས་བལྟས་པ་ཡིན་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཕྱི་རྒྱལ་གྱི་གྲོས་ཚོགས་ལྟར་མི་དམངས་ཀྱི་ཚབ་བྱས་ཏེ་ཁྲིམས་འཆར་དང་རྩིས་འཆར་སོགས་ལ་རྩོད་སྒྲུབ་དང་དགག་བཞག་མི་བྱེད་པར་ལག་པ་བཀྱགས་ནས་ལེགས་གསོལ་བརྗོད་པ་ཁོ་ན་བྱེད་པས་ཕྱི་རྒྱལ་བས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་མཆོད་བཤམས་ཀྱི་མེ་ཏོག་དང་འགྱིག་གི་ཐམ་ག་ཞེས་པའི་མཚང་མིང་བཏགས་ཡོད།
  • འཐུས་མིར་འདེམས་ཐོན་མི་སྣ་དང་དེའི་ཆབ་སྲིད་ལག་ལེན་དང་ལྟ་བའི་སྐོར་སོགས་མི་མང་གིས་ཤེས་ཚོར་དང་རྒྱུས་ལོན་གང་ཡང་མེད་པས་དེས་མི་མང་གི་མངོན་འདོད་དང་ཚབ་མཚོན་བྱེད་པ་ཡིན་ལབ་པ་ནི་ རྫུན་གཏམ་རང་ཆགས་ཡོད། དཔེར་ན། བོད་རིགས་ཡིན་པར་འཁོད་པའི་འཐུས་མི་ཁ་ཤས་ཤིག་ལ་ལ་རྒྱ་མིང་ཡོད་པ་དེ་དག་བོད་རིགས་ཡིན་མིན་ཡང་དོགས་པ་ཆེ། དེ་ནི་དཔེར་ན་ཟི་ཁྲོན་གྱི་བོད་རིགས་འཐུས་མི་ཡིན་ཟེར་མཁན་གྱི་ནང་དུ་རྒྱ་མིང་ཅན་་གསུམ་ལྷག་ཡོད། དེའི་ཕྱིར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གནས་ཚུལ་ཕྱི་གསལ་ནང་གསལ་མི་བྱེད་པ་ནི་ཉེས་དམིགས་ཆེན་པོ་ཞིག་ཡིན།